ཟླ2པའི་ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ2024ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྤྱི་སྡོམ་བྱས་པ་དང་། 2025ལོའི་ལས་འགན་བཀོད་སྒྲིག་བྱས་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་རྒྱལ་དོན་གལ་ཆེན་སེམས་ལ་བརྟན་པོར་འཛིན་པ་དང་། བཅོས་སྒྱུར་སྒུལ་ཤུགས་སུ་བྱས་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་རྒྱུའི་སྐུལ་མ་བཏང་།
2024ལོར། མཚོ་སྔོན་གྱིས་སྐོར་ཐེངས་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་གཙོ་གནད་དུ་བྱས་པ་དང་། ཚད་གཞི་སྔར་ལས་མཐོན་པོས་བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབས་ལ། མཁར་གྲོང་གི་གད་སྙིགས་བཙོག་ཆུ་སོགས་ཀྱི་གནད་དོན་བཅོས་སྐྱོང་མཐོར་འདེགས་དང་བཙོག་ཆུ་ཕྱིར་འདོན་གྱི་ཆེད་དོན་འགུལ་སྐྱོད་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་བཅད་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་ཆུ་ཚད་ཅུང་མཐོ་བའི་སྟེང་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། དེའི་ཁྲོད། མཁའ་དབུགས་ཀྱི་རྒྱུ་སྤུས་བརྟན་ཐོག་ཡར་འཕེལ་སོང་བ་དང་། གནམ་གཤིས་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་གསུམ་ཡིན་ལ། དེ་རྒྱལ་ཡོངས་ཆ་སྙོམས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་བཞི་ཡིས་མཐོ།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2025ལོར་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་པ་དང་། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ལས་གཞི་ལག་བསྟར་དང་འཆར་འགོད་སྒྲིག་བཟོ་བཟང་བོ་བྱེད་པ། བཙོག་བཅོ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ཁྲིམས་བསྟར་དམ་འཛིན་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་གཏོང་བ་སོགས་ཕྱོགས་དགུ་ཐད་ཀྱི་གཙོ་གནད་བྱ་བ་བཟང་བོར་བསྒྲུབ་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།